
༄༅། རྒྱ་ནག་གི་སྲིད་འཛིན་ཧོ་ཅིན་ཐའོ་ཧྥ་རན་སིར་རྒྱལ་དོན་མཚམས་གཟིགས་སྐབས་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་བ།
ཧྥ་རན་སིའི་བོད་རིགས་ཚོགས་པས་འབོད་སྐུལ་དང་གོ་སྒྲིག་འོག་ཕྱི་ཟླ ༡༡ ཚེས་ ༤
ཉིན་དུས་ཚོད་
༣ པ་ནས་ ༧ པ་པར་རྒྱལ་ས་པ་རེ་སིར་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་བྱ་གཏན་འཁེལ། གང་ཁུལ་ཏག་ཏག་གང་དུ་ཡིན་མིན་རིམ་པས་གསལ་བོ་བཟོ་རྒྱུ།
བོད་རིགས་ཚོགས་པས་འབོད་སྐུལ་ཞུ་རྒྱུར་འགྲོ་བ་མིའི་ཐོབ་ཐང་སྲུབ་སྐྱོབ་ཐད་འཐབ་རྩོད་བྱེད་མཁན་ཚོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མར་རྒྱ་ནག་སྲིད་འཛིན་ཧོ་ཅིན་ཐའོ་ཉིན་གསུམ་གྱི་གཟིགས་སྐོར་སྐབས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ནང་མཉམ་གཞུགས་བྱ་རོགས།
སྲིད་འཛིན་ཧོ་གིས་མཁྱེན་པར་བཟོ་དགོས་ཞིག་ལ་འཛམ་གླིང་གི་མི་མང་ཀུན་གྱིས་རྒྱ་ནག་གིས་བཙན་པོས་དབང་བསྒྱུར་འོག་ལ་གནས་པའི་བོད་མི་མང་གི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་བྱེད་པ་དང་བོད་ནང་ཞི་བའི་མི་སེར་ཚོར་དྲག་གནོན་གྱི་སྲིད་བྱུས་འཛིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ།
རྒྱ་ནག་མི་དམིངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་དེ་གནད་དོན་དུ་ངོས་འཛིན་བྱ་རྒྱུ་དང་བོད་མི་མང་གི་མངོན་འདོད་གང་ཡིན་པ་དེ་ཞི་བའི་སྒོ་ནས་སེལ་དགོས་བ་གལ་ཆེན་པོ་རྩིས་པས་དུས་ཚོད་སླེབས་ཡོད།
འཛམ་གླིང་གི་མི་སྡེའི་ལོ་རྒྱུས་སུ་བལྟས་ན་རྒྱལ་ཁབ་དང་ཕྱོགས་ཁག་སུ་འདྲ་ཡིན་ཀྱང་མི་རིགས་དང་རིག་གཞུང་གཞན་རྩ་མེད་བཟོ་ཕྱིར་ངན་འཇུས་འཐེན་མཁན་ཚང་མ་མཐའ་མར་སོ་སོའི་ཉམས་རྒུད་འགྲོ་བའི་རྒྱུར་ཆགས་པ་ནི་འདས་པའི་གནས་ཚུལ་མཁྱེན་རྟོགས་ཡོད་མཁན་ཀུན་གྱི་མཐོང་ཆོས་སུ་གྱུར།
བོད་མི་རིགས་ཀྱིས་རང་གི་རིག་གཞུང་གི་ངོ་བོ་དང་སྐད་ཡིག་རྒྱུན་འཛིན་བྱེད་པ་ནི་བོད་མི་མང་གི་རྒྱལ་སྤྱིའི་ཆིངས་ཡིག་ཁག་དང་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་གཞི་རྩའི་ཁྲིམས་ཀྱི་ཐོབ་ཐང་ཞིག་ཡིན།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་འདྲ་མིན་དུ་གནས་འཁོད་སློབ་གྲ་ནང་དུ་སློབ་ཚན་ཁག་རྒྱ་ཡིག་ནང་བསླབ་རྒྱུ་སྲིད་བྱུས་གཏན་འབེབས་དངོས་སུ་བྱེད་པ་དེ་གང་མཚོན་གྱིན་ཡོད་དམ་ཟེར་ན་ལོ་མང་རིང་ནས་ ༧
གོང་ས་མཆོག་གིས་རྒྱལ་སྤྱིའི་གདན་ཆ་འདྲ་མིན་ཐོག་གསུང་བའི་གནད་དོན་དེ་རེད། བོད་ནང་རྒྱ་གཞུང་གིས་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་གྱི་འདུག་ཅེས་གསུངས་དེར་བདེན་དབང་གསལ་བོ་ཐོབ་པ་རེད།
ད་ནས་བཟུང་སྟེ་བོད་ནང་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ངོ་བོ་རྩ་གཏོར་བཏང་དང་གཏོང་བཞིན་དེ་ནི་ཚོད་དཔག་གི་གནས་ཚུལ་མིན་པ་གསལ་བོ་དང་ལྐོག་གྱུར་གྱི་གནས་ཚུལ་དེ་བས་ཀྱང་ག་ལ་ཡིན།
མི་རིགས་ཞིག་རྩ་མེད་བཟོ་ན་མི་རིགས་དེའི་དཔལ་ཡོན་གྱི་སྲོག་རྩ་སྐད་ཡིག་དེ་ཡལ་བརླག་གཏང་རྒྱུ་རྒྱ་གཞུང་གིས་སྲིད་བྱུས་དངོས་སུ་ལས་འགུལ་སྤེལ་ཡོང་གི་ཡོད་དུས། རྒྱུ་མཚན་དེར་བརྟེན་ནས་བོད་ནང་གི་སློབ་ཕྲུག་ཚོར་གཞི་རྒྱ་ཆེ་བའི་མགྲིན་དབྱངས་གཅིག་གི་སྒོ་ནས་ལས་འགུལ་བྱས་པར་ང་ཚོ་ཚང་མས་ཁོང་ཚོའི་བོད་ཀྱི་སྐད་ཡིག་སློབ་གྲར་མུ་མཐུད་དེ་བསླབ་དགོས་ཅེས་པའི་མངོན་འདོད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད།
ཧོ་ཅིན་ཐའོ་འདིར་ཡོང་བའི་གོ་སྐབས་བརྒྱུད་དེ་བོད་དང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དགྲོལ་གཏང་དགོས་པ་དང་ལྷག་པར་དུ་མི་མང་གི་སྨྲ་བརྗོད་རང་དབང་ལ་བརྩི་སྲུང་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ།
ཚང་མས་མཁྱེན་དགོས་རྒྱ་ནག་གཞུང་གི་ནོ་ཝེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལའུ་ཤའོ་པོ་ད་དུང་བཙོན་ཁང་བཀག་ཉར་བྱེད་བཞིན་ཡོད་པས་ཁོང་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གང་མགྱོགས་གློད་འགྲོལ་གཏང་དགོས།
ཧོ་ཅིན་ཐའོ་རྒྱ་ནག་ལ་ཕུགས་རྒྱངས་རིང་བོར་ཕན་ཕྱིར་དངོས་ཡོད་གནས་སྟངས་གང་ཡིན་པ་དེར་བལྟ་ཐུབ་པའི་བློ་སྟོབས་ཅིག་བསྐྱེད་དགོས་བ་དང་། སྲིད་དོན་ཚོགས་གཅིག་ཁོ་ནའི་སྲིད་དབང་སྒེར་སྤྱོད་བྱེད་པའི་ངན་སྲོལ་འདིས་དུས་རབས
༢༡ གི་འཛམ་གླིང་དང་མི་འཚམ་པའི་ལམ་ལུགས་ཞིག་ཡིན་པ་དེ་མཁྱེན་དགོས་ཀྱི་རེད།
ཁོང་གིས་རྒྱ་ནག་མི་མང་གི་མང་གཙོ་དང་རང་དབང་སོགས་ཀྱི་བློ་སེམས་ནང་གི་མངོན་འདོད་དག་གང་ཡིན་པ་དེར་ངོས་འཛིན་བྱེད་པའི་དུས་ལ་སླེབས། མཐའ་དོན་དུ་བོད་ཀྱི་ལས་དོན་དག་དང་བོད་མི་མང་གི་ཆབ་སྲིད་མདུན་ལམ་གང་ཡིན་པ་དག་བོད་མི་མང་ལ་རང་དབང་གིས་སྒོ་ནས་ཐག་གཅོད་བྱ་རྒྱུ་གོ་སྐབས་སྤྲད་དགོས།
ངོ་རྒོལ་ལས་འགུལ་གྱི་ཉིན་མོ་དེར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་འཐབ་རྩོད་པ་ཀུན་མགྲིན་དབྱངས་གཅིག་གི་སྒོ་ནས་བོད་ནང་རང་དབང་ཆེད་སྐད་འབོད་བྱ་རྒྱུ།
སྐད་འབོད་ཀྱི་བསྒྲགས་གཏམ་འདི་མི་གང་མང་ལ་ཁྱབ་པར་འཕྱར་འགྲུས་མཉམ་འདེགས་བྱེད་པས་རེ་འདུན་ཞུས།།
སྐུ་ཉིད་ཀྱང་རང་བོད་ཀྱི་རྒྱལ་དར་ཁྱེར་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་གཞུགས་ན་དགའ་བསུ་དང་དར་ཆ་མེད་ན་བོད་རིགས་ཚོགས་པས་གྲ་སྒྲིག་བྱ་རྒྱུ།
བསྒྲགས་གཏམ་འདི་ཧྥ་རན་སིའི་བོད་རིགས་ཚོགས་པའི་ལས་ཁུངས་ནས་སྤེལ།